རྫོང་བདག་གི་གསུང་འཕྲིན།

བརྡ་དོན་བརྒྱུད་འབྲེལ་དང་འཕྲུལ་རིག་འདི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་གཞི་རྩ་དང་རྒྱལ་ཡོངས་དམིགས་གཏད་ཚུ་འགྲུབ་ཐབས་ལུ་ མེད་ཐབས་མེད་པའི་ཐབས་ལམ་གལ་ཅན་ཅིག་ཨིན། སྤྱི་ལོ་ ༡༩༩༩ ལུ་ འབྲུག་རྒྱལ་བཞི་པ་ དཔལ་མི་དབང་༧ འཇིགས་མེད་སེངྒེ་དབང་ཕྱུག་མཆོག་ གསེར་ཁྲི་གུར་མི་ལོ་ ༢༥ འཁོར་བའི་དུས་སྟོན་བརྩི་སྲུང་གི་སྐབས་ལུ་གློག་རིགས་ཡོངས་འབྲེལ་གྱི་ཞབས་ཏོག་འགོ་བཙུགས་མི་དེ་གིས་ འབྲུག་མི་ཚུ་གི་ཉིན་བསྟར་གྱི་ལས་སྣ་དང་། ལྷག་པར་དུ་ ཡིག་ཚང་ཁག་ལས་ཕར་བརྡ་དོན་བརྒྱུད་འབྲེལ་དང་འཕྲུལ་རིག་གི་ལག་ལེན་རྒྱ་ཆེཝ་སྦེ་ལག་ལེན་འཐབ་སར་མཐོངམ་མས། བརྡ་དོན་བརྒྱུད་འབྲེལ་དང་འཕྲུལ་རིག་གིས་ ང་བཅས་རའི་མི་ཚེ་ནང་ལུ་ གོ་བརྡ་སྤྲོད་ནི་དང་ཁྱད་ཕན་ཅན་གྱི་འགྱུར་ཁྱད་སྦོམ་ར་བཟོ་ཡི། དེ་ཡང་  བརྡ་དོན་བརྒྱུད་འབྲེལ་དང་འཕྲུལ་རིག་ལུ་མ་བརྟེན་པར་ ཉིན་བསྟར་གྱི་གཞུང་འབྲེལ་ལཱ་འགན་ཚུ་འབད་ནི་འདི་ མནོ་བསམ་ར་གཏང་མ་ཚུགས་པའི་དུམ་ཁར་ལྷོད་ནུག།
 

ཨིན་རུང་ དེ་ཚུ་ལེགས་བཅོས་འབད་སའི་ས་གོ་ཡོདཔ་ལས་ དེང་སང་དུས་ཀྱི་འགྱུར་བ་ དཔེར་ན་ སྲིད་བྱུས་དང་བྱ་ལུགས་ དཔལ་འབྱོར་དང་དང་སྲིད་དོན་གྱི་འགྱུར་བ་ ༼འབྲུག་རྒྱལ་ཁབ་ཀྱིས་ འཛམ་གླིང་ཚོང་འབྲེལ་ལས་ཚོགས་ནང་བཅའ་མར་གཏོགས་ནི་དང་ མི་དབང་འབྲུག་རྒྱལ་ལྔ་པ་གསེར་ཁྲི་གུར་ཕེབས་པ་༽ ལ་སོགས་པའི་འགྱུར་བ་ཚུ་འབྱུངམ་ད་ བརྡ་དོན་བརྒྱུད་འབྲེལ་དང་འཕྲུལ་རིག་གིས་ མི་མང་ལུ་གོ་བརྡ་སྤྲོད་ནི་ལུ་ལྷན་ཐབས་བྱུངམ་ཨིན་མས། བརྡ་དོན་དང་གནས་ཚུལ་ཚུ་འཐོབ་ཚུགསཔ་སྦེ་བཟོ་ནི་འདི་ མི་སེར་ཚུ་ སྤྱིར་བཏང་གི་གནས་ཚད་ཁར་ལྕོགས་གྲུབ་ཡར་སེང་དང་ གོ་བརྡ་སྤྲོད་ནི་གི་དོན་ལུ་ཐབས་ལམ་ངོ་མ་ཅིག་ཨིན། དེ་འབདཝ་ལས་ མི་སེར་མང་ཤོས་ཅིག་གིས་ ཞིབ་འཚོལ་དང་ཚོང་འབྲེལ་ དེ་ལས་ཉིན་བསྟར་གྱི་ལཱ་འགན་ཚུ་གི་དོན་ལུ་ བརྡ་དོན་བརྒྱུད་འབྲེལ་དང་འཕྲུལ་རིག་གི་ཁྱབ་ཚད་དང་མཐུད་འབྲེལ་ཚུ་ཧེང་སྐལ་ར་ཡར་རྒྱས་གཏང་ནི་དང་ དེའི་སྐོར་ལས་མི་སེར་ཚུ་གིས་ཧ་གོཝ་སྦེ་བཟོ་དགོཔ་ངེས་པར་དུ་ཁག་ཆེ།

འབྲེལ་ཡོད་ལས་སྡེ་ཚུ་གིས་ རྒྱལ་ཁབ་ནང་འཁོད་ལུ་བརྡ་དོན་བརྒྱུད་འབྲེལ་དང་འཕྲུལ་རིག་གི་ ལག་ལེན་ཡར་རྒྱས་དང་ཁྱབ་སྤེལ་གཏང་ཐབས་ལུ་ ཐབས་ལམ་སྣ་ཚོགས་ཀྱི་སྒོ་ལས་ བརྡ་དོན་བརྒྱུད་འབྲེལ་དང་འཕྲུལ་རིག་གི་ལས་ཚན་ཚུ་གཞི་བཙུགས་འབད་བའི་བསྒང་ར་འདུག།དབང་འདུས་རྫོང་ཁག་ནང་ ས་གནས་ཡོངས་འབྲེལ་དང་གླར་སྤྲོད་རྒྱུད་ལམ་འགོ་འབྱེད་འབད་མི་དེ་གིས་ མི་སེར་ག་ར་ལུ་ གློག་རིག་ཡོངས་འབྲེལ་གི་ཐོག་ལས་གནས་ཚུལ་ཚུ་བལྟ་ནི་དང་ དུས་ཚོད་ཚད་བཟུང་འབད་ནི་ལུ་ཐབས་ལམ་དྲག་ཤོས་ཅིག་ལུ་གྱུར་ཏེ་ཡོད། དེ་བཟུམ་སྦེ་ བསྟོད་རིན་ཆོག་པའི་དཔེ་གཞན་ཡང་ རྫོང་ཁག་ ༢༠ གི་ནང་ལུ་ཡོངས་འབྲེལ་འཆར་སྒོ་འགོ་བཙུགས་མི་འདི་ཨིན། ཡོངས་འབྲེལ་འཆར་སྒོ་འདི་གིས་ དབང་འདུས་རྫོང་ཁག་གི་སྐོར་ལས་དང་ རྫོང་ཁག་གི་ལས་སྣ་ཚུ་གི་སྐོར་ལས་ཧ་གོ་ནི་ལུ་ ལྷན་ཐབས་འབད་ཚུགས། བདག་སྐྱོང་དང་བྱ་རིམ་ཚུ་གི་སྐོར་ལས་མི་སྡེའི་གནས་ཚད་ཁར་ གོ་བརྡ་སྤྲོད་མི་དེ་གིས་ གཞུང་སྐྱོང་མཆོག་འགྱུར་གྱི་སྲིད་བྱུས་ཚུ་རྩ་བརྟན་བཟོ་ནི་ལུ་ ཁེ་ཕན་འབྱུང་ཚུགས། ཁ་གསལ་ཚུ་གློག་བྱི་ཨེབ་ས་ལས་འཐོབ་ཚུགས་ནི་ཨིནམ་ལས་ དབང་འདུས་རྫོང་ཁག་གི་ཁ་ཐུག་ལས་ང་གིས་ ག་ར་ལུ་འཆར་སྒོ་འདི་ནང་བྱོན་ཞུ་འབད་ནི་དང་ འཆར་སྒོ་འདི་ནང་འཛུལ་བཞུགས་འབད་མི་ག་ར་ལུ་ འདི་ནང་ཡོད་པའི་གནས་ཚུལ་དང་ལོ་རྒྱུས་ཚུ་གིས་ ལག་ལེན་དང་ཁེ་ཕན་རྒྱ་ཆེཝ་སྦེ་འབྱུང་ཚུགས་པའི་རེ་སྨོན་ཡོད།